当前位置: 首页 / 政府信息公开 / 主动公开 / 通知公告 / 内容列表
རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་འདོན་ཡི་གེ།
2020-01-30 05:25 来源: 河南蒙古族自治县人民政府

རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་དང་གྲོགས་པོ་རྣམ་པ:

 གནམ་ལོ་གསར་བ་ཚེས་མ་ཐག  རང་རྒྱལ་གྱི་ས་ཆ་མང་པོར་ཏོག་དབྱི་བས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་ཞིང་། རང་ཞིང་དུ་ནད་རྟགས་གཏན་འཁེལ་བྱས་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་རིམས་ནད་ལ་ཕྱོགས་ཡོངས་ནས་འགོག་རྒོལ་བྱེད་པའི་རིམ་པ་དང་པོའི་དང་ལེན་གྱི་རྣམ་པར་སླེབས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་བཀོད་སྒྲིག་དང་བླང་བྱ་བཏོན་པ་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལེགས་པོ་སྒྲུབ་བཞིན་ཡོད་པས། ཚང་མས་རང་འགུལ་གྱིས་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་ཤོད་པ་བཅས་བྱེད་དགོས་པ་མ་ཟད། ཚང་མ་ཧུར་ཐག་གིས་མང་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བའི་ནང་ཞུགས་དགོས། དེར་བརྟེན་རྫོང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་པའི་ཐད་གྲོས་གཞི་བཏོན་པ་གཤམ་ལྟར།

གཅིག ཝུའུ་ཧན་ནས་རྨ་ལྷོ་རྫོང་དུ་ཕེབས་པ་དང་རྨ་ལྷོ་རྫོང་དུ་ལོག་པའི་གྲོགས་པོ་ཚོས་ཁྱེད་དང་ཁྱེད་ཀྱི་ཉེ་འགྲམ་གྱི་མིའི་བདེ་འཇགས་ཆེད། ཐོག་དང་པོར་ཁ་ཤུབས་གྱོན་ནས་རང་འགུལ་གྱིས་ཐག་ཉེའི་འཕྲོད་བསྟེན་ཁང་དང་རྫོང་མི་དམངས་སྨན་ཁང་། སོག་བོད་སྨན་ཁང་བཅས་ཀྱི་ཞིབ་བཤེར་དང་ལེན་བྱེད་དགོས་ཤིང་། ཉིན14ནང་གཉེན་ཉེ་དང་གྲོགས་པོ་ཡོད་སར་བཏུད་མི་ཆོག་པ་དང་མི་གཞན་དང་འབྲེལ་འདྲིས་བྱ་མི་ཆོག ཉིན14ཡི་རྗེས་ནས་ནད་རྟགས་མེད་ན་ཟུར་བཀར་ལས་གྲོལ་བ་ཡིན།

  གཉིས། ཁྱེད་ཀྱིས་ཟ་མ་ལས་སྐབས་ཤ་རིགས་དང་སྒོ་ང་སོགས་ཟས་རིགས་འཚོད་ཡག་བྱེད་དགོས།

  གསུམ། འགོག་སྲུང་བྱས་མེད་པའི་གནས་ཚུལ་འོག་རི་སྐྱེས་སྲོག་ཆགས་དང་གསོ་སྤེལ་སྲོག་ཆགས་ལ་འབྲེལ་འདྲིས་བྱེད་མི་རུང་།

  བཞི། གློ་ལུ་དང་ཧབ་སྦྲིད་རྒྱག་སྐབས། གཙང་ཤོག་དང་གྲུ་མོས་ཁ་སྣ་འགེབས་དགོས།

  ལྔ། གང་ནུས་ཀྱིས་རླུང་རྒྱུ་བའི་ཆ་རྐྱེན་ཞན་པའི་ཚོང་ར་དངKTV དྲ་ཁང་། སྟེགས་གྲུག་ཁང་སོགས་སུ་འགྲོ་མི་རུང་། དཔེར་ན་འགྲིམ་འགྲུལ་ཡོ་བྱད་དུ་འདུག་པ་དང་མི་མང་འདུ་སར་ཁ་ཤུབས་གྱོན་ཏེ། ཐག་ཉེ་ས་ནས་མི་གཞན་དང་ངོ་འཕྲད་ཀྱིས་འབྲེལ་འདྲིས་བྱེད་མི་རུང་།

  དྲུག སྔོན་འགོག་དང་ཚོད་འཛིན་གྱི་དུས་སྐབས་སུ། གང་ནུས་ཀྱིས་ཁང་སྟོན་དང་གྱ་སྟོན། གཉེན་སྟོན་སོགས་གཞི་ཁྱོན་ཆེ་བའི་སྟོན་ཆེན་བྱ་འགུལ་དུ་ཞུགས་མི་རུང་བ་དང་། ཁྱིམ་མིར་སྣེ་འཁྲིད་དེ་གང་ནུས་ཀྱི་སྤྱི་ཚོགས་ཀྱི་འདུ་རུབ་རང་བཞིན་གྱི་བྱ་འགུལ་ནང་མི་ཞུགས་པར། ཁང་བའི་ནང་རླུང་རྒྱུ་བ་དང་ཁ་དབུགས་བརྗེ་བར་རྒྱུན་སྲིང་དང་། ཉིན་རེའི་དྭངས་གཙང་དང་དུས་བཅད་དུག་སེལ་ལེགས་སྒྲུབ་བྱ་དགོས།

  བདུན། གལ་ཏེ་གློ་ལུ་བ་དང་ཚ་བ་རྒྱས་པ་སོགས་དབུགས་ལམ་མི་བདེ་བའི་ནད་རྟགས་བྱུང་ཚེ། སྣང་མེད་དུ་མི་བསྐྱུར་བ་དང་ལྷིང་འཇགས་རྒྱུན་སྲིང་བྱས་ཏེ། ཁྱིམ་མི་གཞན་པའི་འགོག་སྲུང་ལེགས་བསྒྲུབ་དང་། དུས་ཐོག་ཏུ་ཉེ་འགྲམ་གྱི་སྨན་བཅོས་ལས་ཁུངས་སུ་སྨན་པར་བསྟེན་དགོས་པ་མ་ཟད། འབྲེལ་ཡོད་སྨན་བཅོས་མི་སྣའི་བརྟག་དཔྱད་དང་ལོགས་བཀར། སྨན་བཅོས། དུག་སེལ་སོགས་ཐག་གཅོད་བྱེད་ཐབས་སྤྱོད་པར་ཧུར་ཐག་གིས་རམ་འདེགས་བྱེད་དགོས།

  བརྒྱད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ། ཁ་ཤུབས་དང་དུག་སེལ་གཤེར་ཁུ་སོགས་དངོས་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ཐད་མཁོ་བའི་འཕྲོད་བསྟེན་སྔོན་འགོག་དང་ཚོད་འཛིན་གྱི་མཁོ་ཆས་དང་ཡོ་བྱད་ཀྱི་རིན་གོང་སྤར་མི་ཆོག་ཅིང་། ཚང་མས་དངངས་འཚབ་མི་བྱེད་པ་དང་ཧམ་ཉོ་བྱེད་མི་དགོས།

  དགུ། སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་དང་ངལ་གསོ་དོ་སྣང་། འཚོ་བཅུད་ལ་ཤུགས་སྣོན། ལུས་སྟོབས་ཇེ་དྲག་ཏུ་བཏང་སྟེ། གློ་ལུ་དང་ཟ་མ་མ་ཟས་གོང་། བཤང་གཅི་དོར་རྗེས། བྱ་རིགས་གསོན་པོར་འབྲེལ་འདྲིས་བྱེད་པ་སོགས་ཀྱི་རྗེས་སུ་ལག་པ་བཀྲུ་བ་དང་ཡང་ན་ཆང་བཅུད་འདྲེས་པའི་གཤེར་ཁུས་ལག་པ་བཀྲུ་དགོས་པ་དང་། གང་བྱུང་དུ་སྐྱུག་པ་དང་གཡུག་པ། ཕོད་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་འདོར་དགོས།

བཅུ། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྔོན་འགོག་དང་སྨན་བཅོས་བྱ་ཐུབ་པས་དངངས་འཚབ་མི་དགོས། རིམས་ནད་ཀྱི་ཆ་འཕྲིན་གང་ཞིག་ཡིན་རུང་ཚང་མ་གཞུང་ཕྱོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁྱབ་བསྒྲགས་བྱེད་པ་ཚད་གཞིར་འཛིན་པ་ལས། ཡོང་ཁུངས་ཁུངས་བཙན་མིན་པའི་འབྲེལ་ཡོད་ཆ་འཕྲིན་ལ་ཡིད་ཆེས་དང་བརྒྱུད་སྤྲོད་མི་བྱེད་པ་དང་། དགོས་མེད་ཀྱི་འཇིགས་སྣང་སྐྱེ་བ་ལས་གཡོལ་དགོས།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་ཡང་དག རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་བཅས་ཀྱི་འོག ང་ཚོས་མི་ཁྲི་སེམས་གཅིག་དང་ཕྱར་བ་གྲུ་འདེགས། མཉམ་འགོག་མཉམ་བཅོས་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཡུལ་འཐབ་ལས་རྒྱལ་ཁ་ཐོབ་ངེས་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

རྨ་ལྷོ་རྫོང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་འཚུབ་བསྟུན་བཀོད་འདོམས་པུའུ།2020ལོའི་ཟླ་དང་པོའི་ཚེས26ཉིན།